Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཅུ་གསུམ་པ།

1 occurrence of ༄༅། །ༀ་སྭསྟི། ངེས་གསང་བཀའ་ཡི་སྡུད་པོ་གསང་བདག་རྡོ་རྗེ་འཛིན།
[Clear Hits]


  
  
  
  
  
  
  
  
  
  
  
ཡིད་བཞིན་ནོར་དང་དཔག་བསམ་ཤིང་བཞིན་དུ།
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of ༄༅། །ༀ་སྭསྟི། ངེས་གསང་བཀའ་ཡི་སྡུད་པོ་གསང་བདག་རྡོ་རྗེ་འཛིན།
[Clear Hits]

 
previousཡིད་བཞིན་ནོར་དང་དཔག་བསམ་ཤིང་བཞིན་དུ།next

ཡིད་བཞིན་ནོར་དང་དཔག་བསམ་ཤིང་བཞིན་དུ།

༄༅། །ཡིད་བཞིན་ནོར་དང་དཔག་བསམ་ཤིང་བཞིན་དུ། །མཐའ་ཡས་འགྲོ་བའི་རེ་བ་སྐོང་མཛད་པའི། །ཕྱོགས་དུས་བླ་མ་རྒྱལ་བ་སྲས་བཅས་རྣམས། །མོས་ལྡན་བདག་ལ་དགོངས་པར་མཛད་དུ་གསོལ། །བདག་གི་དུས་གསུམ་བསགས་པའི་རྣམ་དཀར་དང་། །འཁོར་འདས་ལམ་གྱིས་བསྡུས་པའི་དགེ་ཚོགས་རྒྱུན། །རབ་དྭངས་ཡི་རངས་བློ་ཡིས་བླངས་བྱས་ནས། །མཁྱེན་བརྩེའི་མངའ་བདག་རྣམས་ལ་འབུལ་བར་བགྱི། །དེ་མཐུས་བདག་ཀྱང་སྐྱེ་ཞིང་སྐྱེ་བ་རུ། །རིན་ཆེན་བྱང་ཆུབ་སེམས་དང་མི་འབྲལ་ཞིང་། །རླབས་ཆེན་རྒྱལ་སྲས་སྤྱོད་པ་ལ་བརྟེན་ན ས། །ཀུན་ཀྱང་རྣམ་གྲོལ་ལམ་ལ་འགོད་གྱུར་ཅིག །ངེས་པར་འབྱུང་བའི་ཚུལ་ཁྲིམས་རྣམ་པར་དག །ཐོས་བསམ་སྒོམ་པའི་ཡོན་ཏན་མཐའ་རུ་ཕྱིན། །རིས་སུ་མ་ཆད་དག་པའི་བློ་མིག་རྒྱས། །ཡོངས་རྫོགས་བསྟན་ལ་བྱ་བ་བྱེད་པར་ཤོག །ནགས་མཐོང་རི་དྭགས་དཀྱུ་བའི་སྨན་ལྗོངས་སུ། །ཆོས་བརྒྱད་འདུ་འཛིའི་དགྲ་བོ་ཕམ་བྱས་ནས། །དབེན་གསུམ་བདུད་རྩིའི་དགའ་སྟོན་འཐུང་བ་ཡི། །སྐལ་བ་བཟང་ལས་ཉམས་པར་མ་གྱུར་ཅིག །སྟོང་དང་རྟེན་འབྱུང་ཟུང་འབྲེལ་ཟབ་མོའི་དོན། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟར་རྣམ་དག་པའི། །ཆོས་ཀྱི་དབྱིངས་ལ་ལྟ་བའི་བློ་མིག་གིས། །གཟུངས་སྤོབས་བློ་གྲོས་སྒོ་བརྒྱ་འབྱེད་གྱུར་ཅིག །བསྟན་སེལ་འཇུག་པའི་རྟོག་གེའི་མཁས་རློམ་དང་། །རང་རྒྱུད་ཤིང་ལྟར་རེངས་པའི་གྲུབ་བརྫུ་ཕལ། །ཚེ་གང་ལོག་འཚོ་སྡུད་པའི་བླ་གཟུགས་སོགས། །ཆོས་བརྒྱད་ཁོལ་པོར་སྐྱེ་བར་མ་གྱུར་ཅིག །ཁྱིམ་ཆུང་སྤངས་པའི་ཁྱིམ་ཆེན་འདུ་འཛིའི་གཡེངས། །གོང་མ་མཉེས་དང་འོག་མ་མགུ་དུས་མེད། །སྙིགས་དུས་དགོན་གོག་ཁ་འཛིན་ཆོས་ལམ་ལས། །རིང་གྱུར་ཁུར་ལྕིས་ནོན་པར་མ་གྱུར་ཅིག །ཐར་པའི་སྒོ་གཅོད་མི་དགེའི་བཤེས་གྲོགས་དང་། །ངན་འགྲོའི་སྒོ་འབྱེད་མི་བཟད་སྡིག་ལྟའི་གཡང་། །ཆོས་ལམ་བར་གཅོད་ལྟར་སྣང་སྙན་གྲགས་སོགས། །ནམ་ཡང་བདག་དང་མཛའ་བར་མ་གྱུར་ཅིག །ཅི་ལྟར་སྤྱོད་ཀྱང་རང་འདོད་འཁྲིས་དང་བྲལ། །གང་ལྟར་སྡོད་ཀྱང་གཞན་ཕན་འབའ་ཞིག་གཉེར། །ཇི་ལྟར་བྱས་རུང་ཆོས་ལས་མི་འདའ་བས། །སྲས་བཅས་རྒྱལ་བའི་རྣམ་ཐར་འཛིན་གྱུར་ཅིག །ནམ་མཁའ་ཇི་སྲིད་སེམས་ཅན་མཐའ་དེ་སྲིད། །ཇི་སྲིད་ལས་ཉོན་སྟོང་པར་མ་གྱུར་པ། །དེ་སྲིད་མི་སྐྱོ་བརྩོན་བའི་གོ་བགོས་ཏེ། །རྒྱལ་བ་སྲས་བཅས་ཕྲིན་ལས་སྒྲུབ་པར་ཤོག །དུས་གསུམ་རྒྱལ་བས་དབྱིངས་ནས་བྱིན་གྱིས་རློབས། །སེམས་དཔའ་རྣམས་ཀྱིས་དགེ་བའི་གྲོགས་མཛོད་ལ། །ཆོས་མིན་རྟོག་པ་སྐད་ཅིག་མི་སྐྱེ་བར། །སྨོན་ལམ་མཐའ་རུ་ཕྱིན་པར་མཛད་དུ་གསོལ། །རྒྱལ་བའི་བསྟན་དར་བསྟན་འཛིན་ཞབས་པད་བརྟན། །བཤད་སྒྲུབ་སྡེ་རྒྱས་འགྲོ་ཀུན་བདེ་ཞིང་སྐྱིད། །ཀུན་ཀྱང་ཐེག་པ་ཆེན་པོས་རྒྱུད་གྲོལ་ནས། །ཁམས་གསུམ་འཁོར་བའི་རྒྱ་མཚོ་སྐེམ་པར་ཤོག །ཅེས་རང་གི་སྨོན་ལམ་དུ་བྱ་བའི་ཚུལ་ཉུང་ངུ་འདིའང་པདྨ་བི་ཛས་སོ། །


previousཡིད་བཞིན་ནོར་དང་དཔག་བསམ་ཤིང་བཞིན་དུ།next